Butão, Kuensel Online, Inglês

[ad_1]

བཀྲིས་ཕུན་ཚོགས།

༉ ལྷུན་རྩེ་ཨའུ་མཚོ་དགོན་འཛིན་གྲྭ་ཚང་གི་ སྐུ་གསུམ་འདུ་ཁང་ནང་སྦེ་ དགེ་སློང་ཞལ་གྲངས་༢༠༠ ལྷགཔ་ཅིག་གིས་ ཞབས་དྲུང་སྐུ་མཆོད་ཀྱི་ དུས་བཟང་ཁྱད་པར་ཅན་དང་འབྲེལ་ བདུན་ཕྲག་གི་རིང་ སིདྡྷི་དུང་སྒྲུབ་བསག་ནི་ འགོ་བཙུགས་ཡོདཔ་ཨིན་པས།

དགོན་འཛིན་གྲྭ་ཚང་དང་འཁྲིལཝ་ད་ རང་ཟླ་༣ པའི་ཚེས་༡༠ ལུ་ བླ་མ་ངག་དབང་རྣམ་རྒྱལ་མཆོག་གི་སྐུ་མཆོད་དང་འབྲེལ་ གུ་རུ་ཐོད་འཕྲེང་རིགས་ལྔའི་སྒོ་ནས་ འགོ་ཐོག་འགོ་འདྲེན་འཐབ་མི་དེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་དང་ དྲགོས་ཚོགས་དཔོན་བགྲེསཔ་ ཨྱོན་རྡོ་རྗེ་རྣམ་གཉིས་ཀྱིས་ བརྟན་རྩ་མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ གནངམ་ཨིན་ཟེར་ཨིན་པས།

དེ་སྦེ་འགོ་འདྲེན་འཐབ་མི་དེ་ཡང་ སྤྱིར་འཛམ་གླིང་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ཀྱི་སྐུ་རིམ་དང་ དམིགས་བསལ་དུ་ མི་དབང་ཡབ་སྲས་གསུམ་དང་ སྐུ་འཁོར་ལྷན་རྒྱས་ཚུ་དང་ བློན་འབངས་ཡོངས་ཀྱི་ ཐུགས་འདོད་ཡིད་བཞིན་དུ་འགྲུབ་ཐབས་ལུ་དམིགས་ཏེ་ སྦྱིན་བདག་དྲགོས་འཕྲིན་ལས་དང་ཨམ་གྱིས་ བརྟན་རྩ་མ་དངུལ་བཙུགས་མི་ལས་ སིདྡྷི་དུང་སྒྲུབ་བསག་གནངམ་ཨིན་པས།

ཞབས་དྲུང་རིན་པོ་ཆེ་ལུ་ དད་མོས་དང་བརྩི་བཀུར་ཞུ་དགོཔ།

དགོན་འཛིན་གྲྭ་ཚང་གི་ ཕེསི་བུག་ནང་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཞབས་དྲུང་རིན་པོ་ཆེ་ལུ་ དད་དང་མོས་གུས་བསྐྱེད་དགོཔ་མ་ཚད་ གསོལཝ་བཏབ་ནི་ དེ་ལས་ རྒྱུ་མཚན་ཚུ་ འབྲུག་མི་ཚུ་གིས་ ཤེས་དགོ་པའི་དྲན་བསྐུལ་གནངམ་ཨིན་པས།

དེ་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཞབས་དྲུང་ངག་དབང་རྣམ་རྒྱལ་དེ་ ཆོས་ལུགས་ཀྱི་ ཕྱོགས་ཞན་རྐྱངམ་ཅིག་མེན་པར་ འབྲུག་རྒྱལ་ཁབ་ཀྱི་ ཆབ་སྲིད་ཀྱི་གནས་སྟངས་དང་འབྲེལ་བའི་ཐོག་ལས་ རྩ་ཆེ་བའི་ཚུལ་དོན་ཚན་༣ དེ་ཅིག་ བསྡུས་ཏེ་གསུངས་མིའི་ནང་ དང་པ་ འབྲུག་རྒྱལ་ཁབ་འདི་ ལོ་ངོ་སྟོང་ཕྲག་ལེ་ཤ་ཅིག་གི་སྒོ་ལས་ ཐོ་རོང་མུན་པ་ཟེར་ མིང་ཐོབ་མི་དེ་ གཡུས་ཀྱི་མིང་ལུ་ འབྲུག་ཡུལ་དང་ ནང་འཁོད་མི་གི་མིང་ལུ་ འབྲུག་པ་ཟེར་ བཏགས་གནང་ནུག་ཟེར་ཨིན་པས།

དོན་ཚན་༢ པ་ རྒྱལ་ཁབ་རང་དབང་རང་བཙན་གྱི་ངོ་རྟགས་ལུ་ ལམ་ལུགས་སྲོལ་དང་ གསུམ་པ་ རྒྱལ་ཁབ་རང་དབང་རང་བཙན་དང་ ལམ་ལུགས་སྲོལ་གྱི་ཐད་ལས་འབད་རུང་ འཕོ་འགྱུར་མེད་པར་ ཡུན་རིང་དུ་གནས་ཚུགས་མི་དེ་ གལ་ཆེ་དྲགས་ཅིག་ཨིན་ཟེར་གསུངས་ཡི།

སྐྱབས་རྗེ་མཆོག་གིས་ གསུངས་མིའི་ནང་ ཞབས་དྲུང་གིས་ ཁོ་རའི་ ང་༡༦ མ་གསུངས་བཞག་མི་དེ་ ང་རྒྱལ་མཐོ་དྲགས་ལུ་གཞི་བཞག་སྟེ་མེན་པར་ ག་ར་ ཡིད་ཆེས་ཀྱི་ཐོག་ལས་ ནུས་པ་ཡོད་ག་ འབྱུང་སྲིད་ག་ཟེར་བའི་ ཐེ་ཚོམ་ཟ་མ་དགོ་པར་ ཐད་རི་འབའ་རི་སྦེ་ ཡིད་ཆེས་འདྲོངས་ཚུགསཔ་ཅིག་ལུ་ དམིགས་གཏད་བསྐྱེད་ནུག་ཟེར་ཨིན་པས།

དཔལ་ཆོས་ཀྱི་རྒྱལཔོ་ རྗེ་བླ་མ་ངག་དབང་རྣམ་རྒྱལ་མཆོག་ དང་པ་ སྡེ་སྲིད་གཙང་པ་ཕུན་ཚོགས་རྣམ་རྒྱལ་གྱི་ དགྲའི་ཕྱོགས་ལས་རྣམ་པར་རྒྱལ་མི་དང་ གཉིས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་ དགྲའི་ཕྱོགས་ལས་རྣམ་པར་རྒྱལ་བ་ལས་བརྟེན་ ང་བཅུ་དྲུག་མ་བརྩམས་གནང་ཡོདཔ་སྦེ་ཨིན་པས།

དེ་ཡང་ ངོ་བོ་སངས་རྒྱས་ཀྱི་ཐུགས་ལུ་ ངར་འཛིན་མེད་རུང་ བསྟན་པའི་དགྲ་བོ་ཚུ་ ཟིལ་གྱིས་གནོན་ནིའི་དོན་ལུ་ འཇིགས་སྐྲག་བཟུམ་ཅིག་སྟོན་གནང་གནངམ་ཨིན་པས།

ང་བཅུ་དྲུག་མ་དེ་ཡང་ ལུགས་གཉིས་འཁོར་ལོ་སྒྱུར་བའི་ང་། །ང་ནི་ཀུན་གྱི་སྐྱབས་སུ་བཟང་། །དཔལ་ལྡན་འབྲུག་པའི་བསྟན་འཛིན་ང་། །ང་ནི་འབྲུག་པར་བརྫུས་རྣམས་བཅོམ། །རྩོམ་པའི་དབྱངས་ཅན་གྲུབ་པ་ང། །ང་ནི་ལེགས་བཤད་འབྱུང་ཁུངས་བཙུན། །མཐའ་བྲལ་ལྟ་བའི་བདག་པོ་ང་། །ང་ནི་ལྟ་ལོག་མཁན་སུན་འབྱིན། །རྩོད་པའི་མཐུ་སྟོབས་བདག་པོ་ང་། །ང་མདུན་མི་འདར་རྒོལ་བ་སུ། །བདུད་དཔུང་འཇོམས་པའི་དཔའ་བོ་ང་། །ང་ནུས་ཟློག་པའི་མཐུ་ཆེན་སུ། །འཆད་པའི་ངག་གི་དབང་ཕྱུག་ང་། །ང་ནི་རིག་གནས་ཀུན་ལ་མཁས། །གོང་མས་ལུང་བསྟན་སྤྲུལ་པ་ང་། །ང་ནི་འདྲ་མིན་སྤྲུལ་པའི་གཤེད། །ཟེར་གསུངས་གནང་ནུག།

ཞབས་དྲུང་ཁོ་རའི་མཛད་རྣམས་ཚུ་ ང་བཅུ་དྲུག་མའི་ནང་ལུ་བསྡུཝ་མ་ཚད་ དཔལ་ལྡན་འབྲུག་པ་ཕྱོགས་ལས་རྣམ་རྒྱལ་ཟེར་མི་འདི་ནང་ལུ་ བསྡུཝ་ཨིན་པས།

སྐྱབས་རྗེ་མཆོག་གིས་ གསུངས་མིའི་ནང་ ང་བཅུ་དྲུག་མ་དེ་ མདོར་བསྡུ་བ་ཅིན་ དཔལ་ལྡན་འབྲུག་པའི་བསྟན་འཛིན་ཡང་ ང་ཨིན་ གསེར་དངུལ་ རྩོད་འཆད་རྩོམ་པའི་བདག་པོ་ཡང་ ང་ཨིན་ ག་ཅི་གི་ཐད་ལས་འབད་རུང་ ཁོ་ལུ་ འབད་མ་ཚུགས་མི་དེ་ ང་ཨིན་ ཐེ་ཚོམ་དང་ དོགས་པ་རྩ་ལས་ར་ ཟ་དགོཔ་མེད་ ཆ་མཉམ་གྱི་བདག་པོ་ ག་ཅི་ར་འབད་རུང་ འབད་ཚུགས་མི་ཅིག་ཨིན་ཟེར་ གསུངས་ནུག་ཟེར་ཨིན་པས།

ལ་ལོ་ཅིག་གིས་ ཞབས་དྲུང་མ་བཞུགས་པར་ ཞིང་ལུ་ཕེབས་སོ་པའི་ཁར་ སྐུ་མདུན་ཡོད་མི་ལུ་ནུས་པ་ཅིག་ ག་ཅི་འོང་ག་ཟེར་ དོགས་པ་ཟ་མི་ཡང་འདུག་ ཨིན་རུང་ དེ་སྦེ་མེན་པར་ གུ་རུ་རིན་པོ་ཆེའི་ལུང་བསྟན་དང་ ཆོས་སྐྱོང་ཡེ་ཤེས་མགོན་པོའི་ ལུང་བསྟན་ལུ་བརྟེན་ཏེ་ འབྲུག་གི་བསྟན་སྲིད་ལུ་ ཕན་པ་ཡོདཔ་མ་ཚད་ དགོས་པ་སྦོམ་ཡོད་ཟེར་ གསུངསམ་ཨིན་པས།

ཞབས་དྲུང་རིན་པོ་ཆེ་ སྐུ་ངོ་བོ་བཞུགས་དོ་བཟུམ་སྦེ་ཨིན་ རབ་འབྱུང་པ་ཅིན་ དངོས་སུ་བཞུགས་དོ་བཟུམ་སྦེ་ར་ གསང་བ་བཞག་དགོཔ་སྦེ་ གསུངས་ཡོད་མི་དང་ མ་མཆོད་གཟིམ་དཔོན་ཚུ་གིས་ ཕྱག་འཚལ་ བསྐོར་བ་གནང་ ཐུགས་དམ་ལུ་བཞུགས་མི་ལུ་ གསོལཝ་ཚོགས་དྲངས་བཞིན་དུ་ཡོད་ཟེར་ གསུངས་ཡི།

ག་དང་མ་འདྲ་བའི་ ལུགས་སྲོལ་བཟང་པོ་ཅིག་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ སྲོལ་བཙུགས་གནང་ཡོདཔ་ལས་ སྐྱབས་རྗེ་མཆོག་གིས་ གསུངས་མིའི་ནང་ འབྲུག་གི་ལམ་སྲོལ་དང་བསྟུན་པའི་ ལམ་ལུགས་སྲོལ་གཞི་བཙུགས་གནང་ གཞན་དང་མ་འདྲ་བའི་ཁྱད་ཆོས་མཐོངམ་ཅིག་ འབྲུག་རྒྱལ་ཁབ་ཀྱི་ཨིན་ཟེར་ ངོས་འཛིན་འབད་ཚུགསཔ་ རྣ་བར་ཉན་ཙམ་ཅིག་གིས་ ངོ་ཤེས་ཚུགསཔ་ ཆོས་ཀྱིས་ སྲིད་ནང་ལགཔ་རྐྱབ་མ་དགོཔ་ད་ སྲིད་ཀྱིས་ ཆོས་ནང་ལགཔ་རྐྱབ་མ་དགོཔ་ དེ་སྦེ་ ལགཔ་རྐྱབ་མ་དགོ་རུང་ ཆོས་དང་སྲིད་༢ ཟུང་འབྲེལ་སྦེ་ཡོད་ཟེར་ཨིན་པས།

ཆོས་ཀྱི་ཁ་ཐུག་ལས་ སྲིད་ལུ་ རྒྱབ་སྐྱོར་དང་ སྲིད་ཀྱི་ཁ་ཐུག་ལས་ ཆོས་ལུ་ གུས་པ་དང་ རྒྱབ་སྐྱོར་ཡོདཔ་ལས་ ལམ་སྲོལ་དེ་ལུ་ལྟ་སྟེ་འབད་རུང་ བླམ་ངག་དབང་རྣམ་རྒྱལ་ལུ་ ཐུན་མོང་མ་ཡིན་པའི་སྐོར་ བརྩི་བཀུར་ཞུ་དགོཔ་ཅིག་འདུག་ཟེར་ སྐྱབས་རྗེ་མཆོག་གིས་ གསུངསམ་ཨིན་པས།

རྒྱལ་ཁབ་རང་དབང་རང་བཙན་གྱི་ཐད་ལས་འབད་རུང་ ལམ་ལུགས་སྲོལ་གྱི་ཐད་ལས་འབད་རུང་ འཕོ་འགྱུར་མེད་པར་ ཡུན་རིང་དུ་གནས་ཚུགས་མི་དེ་ཡང་ གལ་ཆེ་དྲགས་ཅིག་ཨིན་ཟེར་ཨིན་པས།

རྒྱལ་ཁབ་གཞན་ རང་བཙན་གྱི་ཐད་ལས་འབད་བ་ཅིན་ འཛམ་གླིང་ཕྱེད་ཀ་དེ་ཅིག་ དབང་དུ་བསྡུ་ཚུགས་མི་ སྟོབས་ཤུགས་ཡོད་མི་རྒྱལ་ཁབ་ཡང་ ནམ་ཅིག་གི་ཚེ་ གཞན་གྱི་འོག་ལུ་ ཚུད་སྡོད་འོང་ ལམ་ལུགས་སྲོལ་ལས་འབད་རུང་ ལོ་༡༠༠ དང་༢༠༠ ལས་ཉམས་ཏེ་ འགྱུར་འགྱོ་ནི་དང་ ང་བཅས་འབྲུག་གི་ ལམ་ལུགས་སྲོལ་ལུ་ འཕོ་འགྱུར་འབྱུང་མས་ག་ཟེར་བ་ཅིན་ འཕོ་འགྱུར་རྩ་ལས་མ་འབྱུང་ཟེར་ གསུངས་ཡི།

དེ་ལས་ ཆོས་ཀྱི་ཁ་ཐུག་ལས་ འཕོ་འགྱུར་འབྱུང་ནུག་ག་ཟེར་བ་ཅིན་ འཕོ་འགྱུར་རྩ་ལས་མ་འབྱུང་ དེ་བཟུམ་སྦེ་ འཕོ་འགྱུར་མ་ཉམས་པར་ཡོད་མི་དེ་ གཅིག་ལས་འབད་བ་ཅིན་ དེ་ལུ་ ཕྱག་ལཱ་གནང་ སྒྲིག་ འཇོན་སྟངས་ལུ་ཡང་ རག་ལསཔ་ཨིན་རུང་ ཧེ་མ་ ལམ་སྲོལ་བརྩམས་མི་དེ་ ཟུར་ཙམ་ཅིག་འཛོལ་སོང་པ་ཅིན་ རང་བཞིན་གྱིས་བཤུབ་ ཡང་ཅིན་ ཡལ་འགྱོ་ནི་ཨིན་ཟེར་ཨིན་པས།

དེ་འབདཝ་ད་ བླམ་ཞབས་དྲུང་གིས་ གཞི་བཙུགས་མཛད་མི་དེ་ མ་འཛོལ་ནི་དེ་གིས་ ང་བཅས་ཀྱིས་ ཉམས་མ་འགྱོ་བའི་ཁར་ བློ་བདེ་ཏོག་ཏོ་སྦེ་ཡོདཔ་ཨིན་ཟེར་ གསུངས་གནང་ཡི།

ལྷོ་མོན་ཁ་བཞི་དབང་དུ་བསྡུ་ཚར་ཞིནམ་ལས་ བླ་མ་མཆོག་གིས་ ཤིང་ལེབ་གུ་པར་བརྐོ་སྟེ་ ཁོ་རའི་ཕྱག་ཐམ་སྦེ་གནང་ནུག།

འདི་བཟུམ་གྱི་ཕྱག་ཐམ་བཟོ་གནང་མི་འདི་ཡང་ གཙོ་བོ་ཕྱི་ནང་གསང་གསུམ་གྱི་ དགྲའི་ཕྱོགས་ལས་རྣམ་པར་རྒྱལ་བའི་རྟགས་ཚན་དང་ ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཨིན་པའི་རྟགས་མཚན་ལུ་ཡང་ཨིན་པས།

ང་བཅུ་དྲུག་མའི་ ཕྱག་ཐམ་ཡོད་པའི་བཀའ་ཤོག་དང་ ཡིག་ཆ་ཚུ་ གནམ་མེད་ས་མེད་གལ་ཅན་སྦེ་བརྩིཝ་མ་ཚད་ ཕྱག་ཐམ་གྱི་ བཀའ་ཤོག་ཡོད་པ་ཅིན་ རྒྱལ་ཁབ་ནང་འཁོད་ ག་ཏེ་འགྱོ་རུང་བརྩི་མཐོང་དང་གུས་བཀུར་ཐོབ་ཨིན། དང་ཕུ་འབད་བ་ཅིན་ སྲུང་སྐུད་སྦེ་ བཏགས་སྲོལ་ཡོདཔ་མ་ཚད་ མཚོན་ཐུབ་ཡང་བཏུབ་ཨིན་ཟེར་རྒན་ཤོས་ཚུ་གིས་བཤདཔ་ཨིན་པས།

དུས་ཆེན་བརྩི་སྲུང་ཞུ་དགོཔ།

ཧོར་ཟླ་༣ པའི་ཚེས་༡༠ ལུ་ འབྲུག་གི་བསྟན་པའི་བདག་པོ་ སྐྱབས་མགོན་གོང་མ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ དགོངས་པ་ཆོས་དབྱིངས་སུ་ གཤེགས་པའི་སྐུ་མཆོད་ཀྱི་དུས་ཆེན་ཨིན་པས།

དེ་ཡང་ མགོན་པོ་དངོས་གྲུབ་བྱུང་བའི་རྒྱུད་ལས་ འཁོར་བའི་བདུད་རྣམས་འཇོམས་པ་པོ། །རྡོ་རྗེ་སེམས་དཔའ་མཉམ་གྱུར་པའི། །རྡོ་རྗེ་སློབ་དཔོན་བདག་ཉིད་ཆེ། །ཞེས་མཐུ་ཆེན་ཆོས་ཀྱི་རྒྱལ་པོ་འདི་ཉིད་ཀྱི་ མཚན་གསལ་ལུང་བསྟན་དང་འཁྲིལ་ཏེ་ ཞབས་དྲུང་རིན་པོ་ཆེ་ངག་དབང་རྣམ་རྒྱལ་འདི་ ཡབ་དཔལ་ལྡན་འབྲུག་པའི་གདུང་རྒྱུད་ དྲི་མ་མེད་པ་ མི་ཕམ་བསྟན་པའི་ཉི་མ་དང་ ཡུམ་བསོད་ནམས་དཔལ་གྱི་བུ་ཁྲིད་གཉིས་ཀྱི་སྲས་ལུ་ སྤྱི་ལོ་༡༥༩༤ རབ་བྱུང་༡༠ པའི་ ཤིང་རྟ་ཟླ་༡༡ ཚེས་༡༡ ལུ་ ལྟས་བཟང་སྣ་ཚོགས་པའི་ཐོག་ལས་ ཀུན་མཁྱེན་ པདྨ་དཀར་པོའི་ཡང་སྲིད་འཁྲུལ་མེད་དུ་སྐུ་འཁྲུངས་ནུག།

དགུང་ལོ་ཆུང་བའི་སྐབས་ལས་ར་ ཡབ་དང་མཁས་གྲུབ་ལྷ་དབང་བློ་གྲོས་ལ་སོགས་པའི་ ཡོངས་འཛིན་དམ་པ་ཚུ་གི་སྐུ་མདུན་ལས་ གཞུང་རིག་གནས་དབང་ལུང་མན་ངག་ལ་སོགས་པའི་ གསན་བསམ་མཐར་ཕྱིན་ཏེ་ མཁས་གྲུབ་ཀྱི་ཞབས་དྲུང་རིན་པོ་ཆེའི་སྐུ་མཆོད་སྦེ་ རང་ཟླ་༣ པའི་ཚེས་༡༠ ལུ་ བདག་ཉིད་ཆེན་པོར་གྱུར་པའི་ཤུལ་མར་ གདན་ས་ར་ལུང་གི་དཔལ་ལྡན་འབྲུག་པའི་སེང་གེའི་ཁྲི་ལུ་ མངའ་གསོལ་མཛད་ནུག།

དེ་ལས་ ཆོས་ཀྱི་རྒྱལ་པོ་རང་ཉིད་ དགུང་གྲངས་ཉེར་གསུམ་གྱི་ཐོག་ སྤྱི་ལོ་༡༦༡༦ རབ་བྱུང་༡༠ པའི་ མེ་ཕོ་འབྲུག་ལོ་ལུ་ ལས་མགོན་བྱ་རོག་གདོང་ཅན་གྱི་ ལུང་བསྟན་དང་བསྟུན་ཏེ་ ཆིབས་ཁ་ལྷོ་ལུ་བསྒྱུར་ཏེ་ བྱོན་ཞིནམ་ལས་ཚུར་ ལྷོ་མོན་ སྨན་ལྗོངས་ཀྱི་རྒྱལ་ཁབ་འདི་ནང་ ཆོས་སྲིད་གཉིས་ལྡན་གྱི་ གཞུང་འགོ་བཙུགས་ཏེ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཟེར་ རྒྱ་བོད་ཧོར་གསུམ་ལ་སོགས་པའི་འཛམ་གླིང་ནང་ ཡོངས་གྲགས་ཅན་གྱི་རྒྱལ་ཁབ་ཅིག་ལུ་བཟོ་གནང་ནུག།

དེ་ལུ་ ངན་སེམས་ཕྲག་དོག་གི་དབང་ལས་བྱུང་བའི་ ཕྱི་རོལ་དངོས་ཅན་མི་ཡི་དགྲ་བོ་སྡེ་སྲིད་གཙང་པ་དང་ དགེ་སོག་དམག་དཔུང་གི་ཕྱོགས་ཐམས་ཅད་ ལས་རྒྱལ་བ་མ་ཚད་ ནང་གི་དགྲ་སྡེ་ བླ་མ་ཁག་ལྔའི་ཕྱོགས་ལས་རྣམ་པར་རྒྱལ་བ་ དེ་ལས་ གསང་བའི་དགྲ་སྡེ་དངོས་མེད་ལྷ་མ་སྲིན་སྡེ་བརྒྱད་ཀྱི་ཕྱོགས་ཐམས་ཅད་ལས་ཀྱང་རྣམ་པར་རྒྱལ་ཏེ་ གདན་ས་ལྕགས་རི་དང་ གསང་སྔགས་ཟབ་དོན་ཕོ་བྲང་ལས་བཟུང་སྟེ་ རྒྱལ་ས་སྤུངས་ཐང་བདེ་ཆེན་ དབང་འདུས་ཕོ་བྲང་ ཐིམ་ཕུག་ བཀྲིས་ཆོས་རྫོང་ སྤ་རོ་རིན་ཆེན་སྤུངས་རྫོང་ དར་དཀར་བཀྲིས་ཡང་རྩེ་ ཀྲོང་གསར་ཆོས་འཁོར་རབ་བརྟན་རྩེ་ལ་སོགས་པ་བཞེངས་ཏེ་ ལྷོ་མོན་ཁ་བཞིའི་ རྒྱལ་ཁབ་འདི་ནང་ སངས་རྒྱས་ཀྱི་བསྟན་པའི་ཉི་མ་ཤར་བར་མཛད་གནང་ནུག།

དེ་ལས་ རྗེ་རང་ཉིད་དང་དབྱེར་མེད་པའི་ དབུ་མཛད་བསྟན་འཛིན་འབྲུག་རྒྱས་ལུ་ ཆོས་སྲིད་ཀྱི་བསླབ་བྱ་ཞལ་གདམས་བཀའ་ཆེམས་ཀྱི་ཚུལ་དུ་ ཡོངས་སུ་རྫོགས་པར་བསྩལ་ཏེ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་སྡེ་སྲིད་ཆེན་མོར་ བསྐོས་གནང་ཞིན་ན་ རེ་ཞིག་གདུལ་བྱ་རྟག་འཛིན་ཅན་ཚུ་གི་ངོ་ལུ་ ཆོས་ཀྱི་རྒྱལ་ པོ་རང་ཉིད་དགུང་གྲངས་ལྔ་བཅུ་ང་བརྒྱད་ སྤྱི་ལོ་༡༦༥༡ རབ་བྱུང་༡༡ པའི་ ལྕགས་ཡོས་ ཟླ་༣ པའི་ཚེས་༡༠ ལུ་ ཐུགས་དམ་རིམ་གཉིས་ཀྱི་རྣལ་འབྱོར་ ལུ་བཞུགས་གནང་ནུག།

ཞབས་དྲུང་རིན་པོ་ཆེའི་སྐུ་མཆོད་དུས་ཆེན་ཉིན་མར་ གཞུང་གིས་ ངལ་གསོ་སྦེ་ བཞག་གནང་ཡོདཔ་ལས་ རྫོང་ཁག་༢༠ གྱི་ རབ་སྡེ་དང་ གྲྭ་ཚང་ དགོན་སྡེ་ སྒོམ་སྡེ་ སྒྲུབ་སྡེ་ ཨ་ནིམོ་སྡེ་ དེ་ལས་ སློབ་གྲྭ་དང་ གཞུང་གི་ཡིག་ཚང་ཁག་ཚུ་གིས་ རང་སོའི་དད་པ་དང་འཁྲིལ་ དགེ་རྩ་གང་མང་བསྒྲུབས་པའི་ཁར་ མོང་སྒར་སྐྱིད་བདེ་མཁར་ལུ་ གྲུབ་དབང་ནམ་མཁའི་སྙིང་པོ་རིན་པོ་ཆེ་མཆོག་གིས་ བྱང་གཏེར་ཕུར་པའི་སྒྲུབ་ཆེན་གནང་མི་དེ་ཡང་ དུས་ཆེན་གྱི་ཉིནམ་དང་འབྲེལ་ གྲོལ་གནང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ འབྲུག་མི་ཚུ་གིས་ མཆོད་རྟེན་བསྐོར་ར་རྐྱབ་ནི་དང་ ལྷ་ཁང་ དགོན་སྡེ་ གནས་རྩ་ཅན་ཚུ་ མཇལཝ་མ་ཚད་ ཕྱག་འཚལ་བསྐོར་ར་རྐྱབ་སྟེ་ སྙན་དར་དང་ དཀར་པོའི་དགེ་རྩ་ལ་ཤ་ཅིག་ར་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

[ad_2]

Source link

Notícias

Indonésia, Republika, Indonésio

[ad_1] REPUBLIKA.CO.ID, JAKARTA — Direktur Jenderal Bea dan Cukai Kementerian Keuangan Askolani buka suara soal tingginya sanksi administrasi barang impor. Dia menjelaskan besaran sanksi administrasi

Indonésia, Indo Pos, Indonésio

[ad_1] Harianjogja.com, DEPOK—Ombudsman Republik Indonesia (ORI) DIY meminta masyarakat untuk melapor jika menemui tiang-tiang kabel yang tampak semrawut. Laporan-laporan yang datang dari masyarakat ini akan

Hong Kong, South China Morning Post, Inglês

[ad_1] Hong Kong authorities will step up enforcement on illegal ride-hailing services and rogue taxi drivers over the coming Labour Day “golden week” holiday, while

Tailândia, Business Day News, Tailandês

[ad_1] มูลนิธิสุญญตาวิหารเผยหลักสูตรการดับทุกข์สำหรับผู้บริหารระดับสูงรุ่นแรก มีผู้สนใจในช่วงสองอย่างล้นหลาม รองประธานมูลนิธิฯเผยมีทั้งอดีตรัฐมนตรี อดีต สว. และอดีตปลัดกระทรวง สนใจ ชี้หลักสูตรนี้เหมาะกับโลกในยุคปัจจุบัน นายสมชาย เลิศด้วยลาภ รองประธานมูลนิธิสุญญตาวิหาร เปิดเผยว่าด้วยสถานการณ์ปัจจุบันสิ่งที่เกิดขึ้นทั้งในประเทศไทยและในโลก ทั้งปัญหาสังคม ปัญหาเศรษฐกิจ ปัญหาทุกอย่างอีกมากมายที่เกิดขึ้น สำหรับผู้บริหารจะมีการรับรู้และรับผิดชอบมากกว่าบุคคลทั่วไป ทั้งผู้บริหารหน่วยงานภาครัฐ และผู้บริหารหน่วยงานภาคเอกชน โดยทุกข์ที่เกิดขึ้นนั้น เกิดเพราะความรับผิดชอบที่มีต่อตัวเอง หน่วยงานและสังคม รวมถึงประเทศการเป็นทุกข์สำหรับผู้บริหารแล้ว มักจะไม่สามารถบอกหรือปรึกษาใครได้ เพราะความน่าเชื่อถือและความคาดหวังของคนในองค์กร